རྒྱ་མི་འཆལ་མོ་ཞིག་གིས་སླུད་བྲིད་འོག་ཐེ་ཝན་ཚོགས་གཉིས་ཆོས་ཚོགས་བེད་སྤྱོད་ལོག་པར་བཏང་སྟེ་༸གོང་ས་མཆོག་གི་མཚན་སྙན་ལ་གནོད་སྐྱོན་ཡོང་ཐབས།

ཐེ་ཝན་དུ་རྟེན་གཞི་བྱས་པའི་ཚོགས་གཉིས་ཆོས་ཚོགས་ཀྱི་བླ་མའི་ཤུལ་འཛིན་མིང་ཅན་རྒྱ་མོ་ཅིན་རྨོང་རོང་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབར་གྱི་ངན་པ་ལག་འབྲེལ་གྱི་གསང་བ་ཕྱིར་བརྡོལ་བ། འཆལ་མོ་དེས་ཚུལ་མིན་གྱི་འཁྲིག་སྤྱོད་དང་གྲྭ་བར་བཙན་དབང་གིས་འཁྲིག་གཏམ་སྤེལ་བའི་སྐོར་རྒྱས་པ་འབུར་དུ་ཐོན་པ།

English version 中文版

༢༠༡༧ལོའི་ཟླ་༦ཚེས་༢༡ཉིན་སྤེལ།

དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་པ་ཚོའི་བརྒྱུད་སྐུལ་འོག་སྨྱོ་རྒྱུགས་བྱེད་བཞིན་པའི་རུས་མིང་ལ་ཅིན་རྨོང་རོང་ཟེར་བས་ཐེ་ཝན་དུ་ཡོད་པའི་༸གོང་ས་མཆོག་ལ་དེ་སྔ་དད་གུས་དང་ཆོས་འབྲེལ་ཆེ་བའི་ཚོགས་གཉིས་ཆོས་ཚོགས་སླུ་བྲིད་ཀྱིས་བཙན་བཟུང་བྱས་ཡོད་པ་མ་ཟད། ཁོ་མོས་ཁུ་སིམ་ངང་ཆོས་ཚོགས་དེར་༸གོང་ས་མཆོག་དང་ཆོས་འབྲེལ་བཅད་ཏེ་རྒྱ་ནག་དམར་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་ཆོས་ཚོགས་དེར་༸གོང་ས་མཆོག་གི་ཚབ་ཏུ་འཇོག་རྒྱུའི་ངན་པ་ལག་སྦྲེལ་བྱ་ཐབས་སྤེལ་བའི་སྐོར་གྱི་སྒྲ་ཕབ་ཉན་འཁོར་ཞིག་ཏུ་གསལ་བོའི་ངང་ཐེ་ཝན་གྱི་མཁན་ཟུར་ཧྥན་ཡིང་ཞུ་བས་གསུངས་ཡོད་པ་རེད།

རྒྱ་ནག་གི་བྱང་ཕྱོགས་སུ་སྐྱེས་པའི་རྒྱ་མོ་རུས་མིང་ལ་ཅིན་རྨོང་རོང་༼ རྒྱ་སྐད་དུ་མིང་གི་གོ་དོན། གསེར་གྱི་རྨི་ལམ་པདྨ་མེ་ཏོག ཅེས་གྲགས། ༽ཟེར་བ་ནི་དེ་སྔ་རྒྱ་ནག་རྙིང་ཞེན་ཆོས་ལུགས་ཅི་གྷོང་ངམ་ཙོང་གྷོང་ཟེར་བའི་ཚོགས་པའི་གཏེ་བོ་གཉིས་པ་ཡིན་པ་དང་། ཆོས་ལུགས་དེར་སྨན་དུག་གི་ཐུན་དང་དབང་ཐོབ་སྦྱིན་ཆོས། དེ་བཞིན་འཐུ་རྫུ་འཕྲུལ་ཆེ་ཚུལ་འགྲེལ་ལོག་རྒྱབ་རྗེས་ཚོགས་པ་དེ་རྒྱ་ནག་ཏུ་ལོ་ཤས་རིང་རྗེས་འབྲངས་པ་ས་ཡ་མང་པོ་བྱུང་ཚུལ་བཤད། འོན་ཀྱང་དེ་ནས་བཟུང་ཆོས་ལུགས་དེ་རྒྱ་ནག་གཞུང་གིས་གཉེན་ཚབས་ཅན་ཞིག་བརྩིས་ཏེ་དྲག་གནོན་དང་གཏོར་རྒོལ་བྱ་འགོ་བརྩམས་ཡོད་པ་རེད།

དེའི་དབར་ཐེ་ཝན་གྱི་གྲྭ་བའི་མཚན་ལ་བསྟན་འཛིན་བྱམས་ཆེན་ཞུ་བ་ཁོང་གིས་ཐེ་ཝན་དུ་བོད་རྒྱུད་ནང་བསྟན་ཆོས་ལུགས་དར་སྤེལ་གཏོང་རྒྱུར་དམིགས་ཏེ་ཕྱི་ལོ་༡༩༩༡ལོར་ཚོགས་གཉིས་ཆོས་ཚོགས་ཞེས་པ་དེ་གསར་འཛུགས་གནང་ཡོད། བསྟན་འཛིན་བྱམས་ཆེན་ཁོང་གིས་བོད་ལུགས་ཆོས་བརྒྱུད་ཁག་ལ་ལོ་བཅུ་ཕྲག་རིང་གསན་བསམ་ཉམས་བཞེས་གནང་རྗེས་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་ལ་དམིགས་བསལ་གྱི་དོ་དབྱིངས་སླེབས་ཏེ་༸གོང་ས་མཆོག་དང་ཆོས་འབྲེལ་བྱུང་ཡོད། དེར་བརྟེན་སློབ་དཔོན་བསྟན་འཛིན་བྱམས་ཆེན་ནས་རྒྱ་རིགས་ཚོར་བོད་བརྒྱུད་ནང་བསྟན་སློབ་ཁྲིད་གནང་རྒྱུ་དེ་ཁོང་གི་འོས་འགན་ཞིག་ལ་བརྩིས་གནང་སྟེ་རྒྱ་ནག་ཏུ་ཕྱོགས་བསྐྱོད་ཀྱིས་ལམ་རིམ་ཆེན་མོ་སློབ་ཁྲིད་གནང་འགོ་བརྩམས་ཡོད། སྐབས་དེ་དག་ཏུ་ཁོང་གིས་རྒྱ་གཞུང་གི་དཔོན་རིགས་ཚོ་དང་གཡོལ་ཐབས་ཀྱིས་སྙོམས་ཆུང་ཚུལ་ལྡན་ངང་བཞུགས་པ་དང་། ཐ་ན་མི་སྐྱའི་ཚུལ་བསྟན་ནས་བཞུགས་དགོས་ཀྱང་བྱུང་ཡོད། ལོ་མང་རིང་ཁོང་ནི་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་དོགས་གཞིའི་དཔྱད་ཁྲ་འོག་ཡོད་པའི་ཚོར་སྣང་ཡང་ཆེན་པོ་བྱུང་མྱོང་ཡོད།

ཁོང་རྒྱ་ནག་ཏུ་འགྲོ་བསྐྱོད་ཐུབ་ཀྱང་ཁོང་གིས་ཕྱག་ལས་གང་གནང་མིན་དང་ཁོང་དང་༸གོང་ས་མཆོག་དབར་གྱི་འབྲེལ་ལམ་སོགས་ཀྱི་སྐོར་དཔོན་རིགས་དེ་ཚོས་གོ་རྟོགས་ཡོད་པའི་བརྡ་མཚོན་གང་ཡང་ཐོན་མེད་པ་རེད། འོན་ཀྱང་དོགས་གཞི་དེ་མངོན་འགྱུར་བྱུང་བ་ཅུང་འགོར་མེད་པ་རེད། རྒྱ་གཞུང་གི་སྡུག་སྦྱོང་ལས་ཐར་ཐབས་སུ་ཅིན་རྨོང་རོང་དང་འབྲེལ་བ་བྱུང་ཡོད་ཅིང་། དེ་རྗེས་ཁོ་མོ་ནང་པ་ཆགས་ཤིང་རིམ་པས་ཚོགས་གཉིས་ཆོས་ཚོགས་སུ་སིམ་འཛུལ་བྱས་ཐུབ་ཡོད། གཡོ་ཐབས་འདྲ་མིན་དང་བཅས་ཆོས་དད་ཀྱི་འགྲོ་འོང་དང་ཡ་མཚན་སྐྱེས་སྦྱངས་ཀྱི་སྒྱུ་འཕྲུལ་ཡོད་ཚུལ་ཟུང་བེད་སྤྱོད་ལོག་པར་བཏང་བ། དེ་དག་མ་གཟིགས་པར་སླུ་བྲིད་དེའི་འོག་ཏུ་སློབ་དཔོན་ཁོང་གིས་ཁོ་མོ་ནི་ས་ཆུ་ཐོབ་པའི་སྐྱེ་བོ་ཞིག་ཡིན་པར་ཡིད་ཆེས་གནང་ཡོད་པ་མ་ཟད། ཐ་ན་ཁོ་མོ་ཚོགས་གཉིས་ཆོས་ཚོགས་ཀྱི་ཤུལ་འཛིན་པ་བསྐོ་བཞག་གནང་སྟེ་༸གོང་ས་མཆོག་གི་བཀའ་དགོངས་དང་ཡོངས་སུ་རྒྱབ་འགལ་དུ་ཕྱིན་པ་རེད། སློབ་དཔོན་བསྟན་འཛིན་བྱམས་ཆེན་ཁོང་གིས་ད་དུང་རྒྱ་ནག་ཏུ་ཅིན་རྨོང་རོང་ལ་ནང་ཆོས་སློབ་ཁྲིད་བྱེད་རྒྱུར་གྲྭ་བ་མང་པོ་ཞིག་མངགས་གཏོང་བྱས་པ་རེད་ལ། དེ་རྗེས་ཅིན་རྨོང་རོང་གིས་གྲྭ་བ་ཚོར་གསང་སྔགས་ཀྱི་འཁྲིག་སྦྱོར་ཟེར་བ་སློབ་ཁྲིད་བྱས་པ་དང་སློབ་མ་ཚོ་དེ་མ་ཐག་ཆོས་ཚོགས་ཀྱི་དགེ་རྒན་ཆགས་འགྲོ་བ་རེད།

དེར་བརྟེན་ཆོས་ཚོགས་དེའི་གྲྭ་མང་པོ་ཞིག་གིས་རང་ཉིད་ཀྱི་ཚངས་སྤྱོད་ཀྱི་སྡོམ་པ་ཤོར་ཡོད། ཅིན་རྨོང་རོང་མོ་རང་ཕལ་ཆེར་དམ་པའི་ཡུམ་ཆེན་མེ་རེ་(Mary) ༼ མེ་རེ་ནི་ཡེ་ཤུའི་སྟོན་པའི་མ་ཡུམ་ཡིན་པ་རེད།  ༽ནང་ལྟར་ཡོང་ཐབས་བྱེད་ཀྱི་ཡོད་པ་སྟེ། ངན་བྱུས་ཀྱི་འཆར་གཞི་ཞིག་བཏིངས་ནས་རྗེ་རིན་པོ་ཆེའི་ཡང་སྲིད་བལྟམས་རྒྱུ་དང་སྐྱེས་ཕྲུག་དེའི་ཡབ་ཆེན་ཡང་ཆོས་ཚོགས་དེའི་གྲྭ་ཚོགས་ལས་གཅིག་ཡིན་དགོས་ཤིང་། ད་དུང་སློབ་དཔོན་བསྟན་འཛིན་བྱམས་ཆེན་གྱི་བཀའ་འོག་ནས་འགྲོ་དགོས་པ་ཞིག་ཡིན་འདུག་ལ། རིམ་པས་ཅིན་རྨོང་རོང་ལ་མངལ་ཡང་ཆགས་ཡོད་འདུག འོན་ཀྱང་མཐར་བྱ་ཐབས་ཟད་ནས་ཕྲུ་གུ་དེ་མངལ་དབྱུང་བཏང་སྟེ་བསད་ཡོད་པ་རེད།

ཕྱིས་སུ་ཅིན་རྨོང་རོང་བྱང་ཨ་མི་རི་ཀའི་རྒྱལ་ཁབ་ཁ་ཎ་ཌའི་ཡུལ་གྱི་པི་རན་སི་ཨེ་ཌི་ཝར་ཌི་ཨ་ཡི་སི་ལཎ་ཌི(Prince Edward Island)ཞེས་པའི་གླིང་ཕྲན་དུ་གནས་སྤོས་བྱས་རྗེས་ཁུལ་དེའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་མོ་ལ་རིམ་པས་མེ་རེ་ཅིན་(Mary Jin金夢蓉) ཞེས་འབོད་འགོ་བརྩམས་ཡོད་པ་དེ་ནི་ཡ་མཚན་ཞིག་མི་འདུག་གམ།

ཕྱི་ལོ་༢༠༠༤ལོར་སློབ་དཔོན་བསྟན་འཛིན་བྱམས་ཆེན་ལ་སྙུན་གཞི་ཕོག་ཡོད་ལ་ད་དུང་ཁོང་དགུང་ལོའང་ཧ་ཅང་བགྲེས་པོ་ཡིན། སྐབས་དེ་དང་བསྟུན་ནས་ཅིན་རྨོང་རོང་གིས་མངགས་གླ་བྱས་པའི་སྨན་པས་དུག་སྤྲད་དེ་རྒྱ་ནག་གི་ལྷོ་ཕྱོགས་མཚོ་ཁའི་གྲོང་ཁྱེར་ཤའི་མེན་(Xiamen)ཞེས་པར་བཀྲོངས་ཡོད་པ་རེད། དེ་རྗེས་ཁོ་མོས་ཚངས་སྤྱོད་ཀྱི་སྡོམ་པ་ཤོར་འཕྲོག་ཟིན་པའི་ཆོས་ཚོགས་དེའི་གྲྭ་བ་རྒན་གྲལ་འགའ་ཤས་ཀྱི་རྒྱབ་སྐྱོར་འོག་ཚོགས་གཉིས་ཆོས་ཚོགས་ཀྱི་སློབ་དཔོན་དམ་པའི་ཤུལ་འཛིན་པའི་གོ་གནས་སུ་བསྐོས་བཞག་ཐོབ་ཡོད་པ་དང་། དེ་ནས་ཁོ་མོའི་མཛུབ་སྟོན་འོག་ཚོགས་གཉིས་ཆོས་ཚོགས་དང་༸གོང་ས་མཆོག་དབར་གྱི་ཆོས་འབྲེལ་རིམ་པས་ཉུང་འཕྲི་བྱས་པ་དང་། དེ་ནས་བཟུང་རྒྱ་གཞུང་གིས་བསྒོ་བཞག་བྱས་པའི་པཎ་ཆེན་བླ་མ་ལ་འབྲེལ་བ་དམ་ཟབ་ཡོད་པའི་བླ་མ་ཚོ་ཆོས་ཚོགས་དེར་༸གོང་ས་མཆོག་གི་ཚབ་ལྟ་བུ་ཆགས་བཅུག་ཡོད་པ་རེད། དེར་བརྟེན་ཅིན་རྨོང་རོང་གིས་ཆོས་ཚོགས་ཀྱི་གྲྭ་གཞོན་དང་གསར་ཞུགས་སློབ་མ་རྣམས་ལ་ཚུལ་མིན་གྱི་འཁྲིག་སྤྱོད་དང་བཙན་བཤེད་ཇི་ལྟར་བྱས་པའི་བརྒྱུད་རིམ་ཁག་གི་གསང་བ་རྒྱས་པ་རྣམས་ཐེ་ཝན་ཧྥེན་ཤན་དགོན་པའི་༼ ཐེ་ཝན་དུ་ཡོད་པའི་ཚོགས་གཉིས་ཆོས་ཚོགས་ཀྱི་མ་དགོན།  ༽མཁན་པོ་ཐོག་མ་སློབ་དཔོན་ཧྥན་ཡིང་མཆོག་གིས་གསལ་སྟོན་གནང་ཡོད་པ་རེད།

fsmmyfu
ཅིན་རྨོང་རོང་༢༠༡༥ལོའི་ཟླ་༣པར་ཐེ་ཝན་དུ་ཐོག་མར་སླེབས་སྐབས་སུ་ཚོགས་གཉིས་ཆོས་ཚོགས་ཀྱི་གྲྭ་བ་ཚོས་ཕེབས་བསུ་བྱེད་བཞིན་པ། མོས་རང་ཉིད་ཀྱི་འདྲ་པར་ཐོག་མ་དེ་ཕྱིར་འགྲེམས་བྱས་པ་ཞིག་རེད།

འདིར་སྒྲ་འཇུག་ཕབ་ལེན་བསགས་འཇུག་ཞུས་པ་དྲ་ཐག་འདི་ནས་གསན་ཐུབ། ༼  རྒྱ་སྐད།  ༽

མཁན་ཟུར་ཧྥན་ཡིང་མཆོག་གིས་གསལ་བསྒྲགས་གནང་བ་གཤམ་གསལ།

༼  གཙང་གསལ་ཆེད་བཅོས་བསྒྲིགས་ཞུས་ཡོད།  ༽

ཕྱི་ལོ་༡༩༩༦ནས།

གོང་ཞུས་ལྟར་སྐབས་དེར་ཅིན་རྨོང་རོང་ཁོ་མོ་ཙོང་གྷོང་ཟེར་བའི་རྙིང་ཞེན་ཆོས་ལུགས་ཀྱི་ཚོགས་པའི་གཏེ་བོ་ཨང་གཉིས་པ་དེ་ཡིན་ལ། རྒྱ་ནག་གཞུང་གིས་ཐོ་གཞུང་ནག་པོར་ཡང་བཀོད་ཟིན་པ་ཞིག་རེད། ཚོགས་པ་དེའི་འགོ་ཁྲིད་ཙང་ཧོང་བྷའོ་ཨ་རིར་བྲོས་བྱོལ་དུ་ཕྱིན་ཡོད་ཀྱང་ལོ་ཁ་ཤས་རྗེས་སུ་རླང་འཁོར་བརྡབ་སྐྱོན་ཞིག་ཏུ་འདས་གྲོངས་སུ་ཕྱིན་པའི་དོན་རྐྱེན་དེ་རྒྱ་གཞུང་གིས་ལྐོག་ངན་བཤམས་པར་གྲགས། ཅིན་རྨོང་རོང་གིས་ཕྱི་སྲིད་ལྷན་ཁང་དུ་གྲོགས་པོ་ཞིག་བརྒྱུད་རང་ཉིད་སྲུང་སྐྱོབ་ཡོང་རེ་བྱས་པ་དང་ཡང་ཕྱོགས་གཞན་ནས་རང་ཉིད་ནང་པའི་ཆོས་པ་ཞིག་བྱས་ཏེ་རང་ཉིད་འགེབ་སྲུང་ཡོང་རེ་ཡང་བྱས་ཡོད། དེས་ཕྱིར་གྲོགས་པོ་ཞིག་བརྒྱུད་ཚོགས་གཉིས་ཆོས་ཚོགས་སྐོར་ངོ་སྤྲོད་ཐོབ་རྗེས་ཆོས་ཚོགས་དེར་ཁོ་མོས་ལམ་རིམ་ཆེན་མོ་སློབ་སྦྱོང་བྱེད་རྒྱུ་འགོ་འཛུགས་བྱས་པ་རེད། སྐབས་དེར་ཆང་ས་རྒྱབ་ཟིན་ཡོད་པ་དང་ཕྲུ་གུ་ཡང་གཅིག་ཡོད་ཀྱང་ཁྱོ་གས་གནས་སྟངས་དེ་དག་ལ་མ་བཟོད་པར་རྙོག་གླེང་བྱེད་པར་མོས་དེ་མ་ཐག་བཟའ་ཟླ་དང་ཁ་བྲལ་བྱས་ཡོད་པ་རེད།

དེ་རྗེས་རྒྱལ་ས་པེ་ཅིང་དུ་རྒྱ་མི་གྲྭ་བ་མིང་ལ་ཙོང་ཅིན་ (宗進法師) ༼  གསལ་བཤད། རྒྱ་ནག་གི་གྲྭ་བ་ཞིག་ཡིན་པས་ཚོགས་གཉིས་ཆོས་ཚོགས་ནས་མིན།  ༽ཟེར་བ་ཞིག་དང་མཉམ་དུ་བསྡད་པ་དང་དེས་རྐྱེན་པས་གྲྭ་བ་དེའི་སྡོམ་པ་མེད་པར་བཟོས་ཡོད། ཕྱིས་སུ་མི་དེའི་མིང་ལའང་སོང་ཅིན་ (宋進) ཞེས་ཐོགས། ཅིན་དང་སོང་གཉིས་རྒྱ་ནག་གི་ནུབ་ཤར་ཁུལ་ཧེ་ལོང་ཅང་མངའ་སྡེ་དྷ་ཅིང་ཞེས་པར་ཡོད་པའི་ཅིན་རྨོང་རོང་གི་རང་ཁྱིམ་དུ་ཕྱིར་ལོག ས་ཆ་དེར་ཁོ་གཉིས་ནས་ལམ་རིམ་འཛིན་གྲྭ་ཞིག་གསར་འཛུགས་བྱས་ཏེ་གཉིས་ཀས་རང་ཉིད་ལམ་རིམ་དགེ་རྒན་ཡིན་ཚུལ་མ་ཟད། ཅིན་རྨོང་རོང་གིས་ཁོ་མོ་ནི་ལམ་རིམ་གྱི་བླ་མ་(Guru)ཞིག་ཡིན་ཚུལ་བསྒྲགས་ཡོད་པ་རེད། དེ་ནས་གྷུང་ཧྰ་དགོན་པ་(廣化寺)ཞེས་པའི་གྲྭ་བ་ཞིག་མིང་ལ་ལི་ཡྰང་ཕིང་ཟེར་བ་ཁུལ་དེར་ཕྱོགས་བསྐྱོད་སྐབས་དང་བསྟུན་མོས་སླུ་བྲིད་བྱས་ཏེ་ངོ་ཚ་ཁྲེལ་མེད་ཀྱིས་མཉམ་སྡོད་བྱས་པ་དང་ཡྰང་ཕིང་དང་སོང་ཅིན་གཉིས་དགའ་རོགས་ཅིན་རྨོང་རོང་གི་ཆེད་དུ་དགྲ་ཟླར་གྱུར་ཅིང་། མཐར་ཡྰང་ཕིང་གིས་སོང་ཅིན་ཕྱིར་འབུད་བྱས་ཏེ་རྒྱལ་ཐུབ་ཡོད། དེ་ནས་བཟུང་ཁོ་གཉིས་མཉམ་སྡོད་བྱས་པ་རེད།

ཕྱི་ལོ་༡༩༩༨ལོ་ནས།

གྷུང་ཧྰ་དགོན་པ་ཞེས་པར་ཅིན་རྨོང་རོང་གིས་ཁོ་མོར་འདྲེ་ཞུགས་ཚུལ་དང་། བླ་མ་དང་རིན་པོ་ཆེ་མང་པོས་ཁོ་མོ་འཛིན་མཁན་གྱི་འདྲེ་དེ་ཕྱིར་འབུད་བྱེད་ཐུབ་ཀྱི་མེད་ཚུལ་བསྒྲགས་པ་རེད། དེ་རྗེས་ཁོ་མོ་སློབ་དཔོན་ཅིན་ཆང་དང་ཐུག་འཕྲད་བྱུང་ཞིང་། ཁོང་གིས་མོའི་ཆེད་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་སྨོན་ལམ་གསོལ་འདེབས་གནང་ཡོད། མོ་ལ་འདྲེ་ཞུགས་སྐབས་ཤིག་ལ་ཁོ་མོ་ནི་སྐྱེ་བ་སྔོན་མར་ཅིན་ཆང་སློབ་དཔོན་མཆོག་གི་སློབ་མའི་ཚོགས་ནས་རྩ་ཆེ་ཤོས་ཤིག་ཡིན་ཚུལ་དང་སློབ་དཔོན་གསོད་རྒྱུའི་འཇིགས་སྐུལ་བྱས་པ་རེད། འོན་ཀྱང་དེ་རྗེས་ཁོ་མོས་སྒྱུ་འཕྲུལ་ལ་བརྟེན་ནས་འདྲེའི་དམག་དཔུང་ཆིག་ཁྲི་ཐམ་པ་བསད་དེ་སློབ་དཔོན་ཅིན་ཆང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཚུལ་བཤད། སློབ་དཔོན་ཅིན་ཆང་གཡོ་བྱུས་དེའི་འོག་འཚུད་དེ་ཁོ་མོར་ངོ་མཚར་སྐྱེས། སློབ་དཔོན་ཅིན་ཆང་དུས་དེ་ནས་ཅིན་རྨོང་རོང་གིས་དབང་འོག་བསྡུས། སློབ་དཔོན་དང་གྲོས་མོལ་བརྒྱུད་ཁོ་མོ་སློབ་དཔོན་གྱི་སྲུང་མ་བྱ་རྒྱུར་ཡང་མོས་མཐུན་བྱུང་བ་དང་། སློབ་དཔོན་གྱིས་ཁོ་མོར་ཏྰེ་ཀོང་(提公)ཞེས་མིང་དུ་བཏགས་པ་ནས་བཟུང་ཧྥེན་ཤན་དགོན་པའི་མཆོད་ཡུལ་དུ་བཞག་པ་རེད། ༼  གསལ་བཤད། ཁུངས་གཞན་དག་ནས་དོན་རྐྱེན་དེ་ནི་༢༠༠༠ལོར་བྱུང་ཞེས་གསལ།  ༽

ཏྰེ་ཀོང་གིས་སློབ་དཔོན་བསྟན་འཛིན་བྱམས་ཆེན་ལ་ཁོ་མོ་སྒེར་ལ་ཟུར་སྦྱོང་ཆེད་གྲྭ་བ་རྒན་གྲས་ཤིག་གིས་ཡོངས་འཛིན་གནང་དགོས་ཚུལ་དང་། དེ་བརྒྱུད་ཁོ་མོའི་སྐྱེ་བ་སྔ་མའི་སྟོབས་དང་རྟོགས་པ་གང་མགྱོགས་སླར་གསོ་ཐུབ་རྒྱུར་དགེ་མཚན་ཆེ་ཚུལ་ཞུས། ཧྥེན་ཤན་དགོན་པའི་མཁན་པོའི་ལས་ཐོག་གསུམ་པར་སླེབས་ཏེ་ཟླ་ཤས་ལས་སོང་མེད་པའི་མིང་ལ་ཅིང་ཡའུན་༼  སེང་གྷ་པོར་ནས་ཡིན་པ།  ༽ཟེར་བ་མཁན་པོའི་ལས་སྣེ་གཡུགས་ཏེ་སེམས་ཤུགས་ཆེན་པོས་རྒྱ་ནག་བྱང་ཤར་དུ་ཅིན་རྨོང་རོང་གི་ཡོངས་འཛིན་གནང་དུ་སོང་། སྔར་བཞིན་སྐྱེས་པ་གཞན་ཚོར་བྱས་པ་ལྟར་མོས་ཅིང་ཡའུན་ལ་རྟག་ཏུ་དོ་སྣང་ཆེན་པོ་སླེབས་པ་དང་ལྷག་པར་དུ་མཚན་མོ་ཆགས་སྐབས་ཡིན་པ་རེད། དང་ཐོག་ལི་ཡྰང་ཕིང་གིས་མིག་སེར་ཤུགས་ཆེན་རྒྱབ་ཡོད་ཅིང་། ཁོ་པས་མཐར་ཅིན་ཡའུན་གྱིས་ཅིན་རྨོང་རོང་ལ་བཙན་གཡེམ་བྱས་ཚུལ་སློབ་དཔོན་ཅིན་ཆང་ལ་ཉེན་བརྡ་བཏང་བ་ལྟར་ཡིད་ཆེས་ཀྱང་བྱས་པ་རེད། ༢༠༠༣ལོར་ཅིན་ཡའུན་གྱིས་རང་ཉིད་ཚངས་སྤྱོད་ཀྱི་རྩ་བའི་སྡོམ་པ་སྟོང་ཟིན་པ་རང་བཞིན་གྱིས་ཤེས་རྟོགས་བྱུང་སྟེ་སེང་གྷ་པོར་དུ་ཕྱིར་ལོག་བྱས་འདུག

དྲི་བ། གལ་ཏེ་ལོག་གཡེམ་ཚུལ་འཆལ་གྱི་དོན་རྐྱེན་ཆེན་པོ་མང་པོ་ཞིག་ལྷགས་བསྡད་ཡོད་པ་སློབ་དཔོན་བསྟན་འཛིན་བྱམས་ཆེན་གྱིས་ཤེས་རྟོགས་ཡོད་ན་ཁོང་གིས་མུ་མཐུད་ནས་དེ་དག་ལྷགས་བཅུག་དགོས་དོན་གང་ཡིན་ནམ་ཞེ་ན།

དྲིས་ལན། སྐབས་དེར་ཁོང་གིས་ཅིན་རྨོང་རོང་ནི་ས་ཆུ་ཐོབ་པའི་སྐྱེ་བོ་ཞིག་དང་། མ་འོངས་ཁོང་གི་ཤུལ་འཛིན་པ་བྱེད་རྒྱུར་ཡིད་ཆེས་སྟེར་ཟིན་པས་ཁོ་མོའི་ཚུལ་མིན་ལོག་གཡེམ་བྱ་སྤྱོད་ཡོངས་རྫོགས་ཀོ་ཐུམ་རྒྱབ་ནས་བཞག་པ་རེད།

འདུལ་བ་གཞིར་བཞག་ནས་ཞུ་ན་གྲྭ་བ་ཞིག་གིས་རང་ཉིད་ཀྱི་རྩ་སྡོམ་གང་ཞིག་སྟོང་སོང་བ་ཡིན་ན་དེ་ནས་བཟུང་དགེ་སློབ་ཅིག་ནམ་ཡང་ཆགས་ཐབས་མེད་ལ། རྩ་སྡོམ་ཉམས་གསོ་ (增益戒) ༼གསལ་བཤད། སྡོམ་པ་ཉམ་གསོ་ཞེས་པ་དགེ་འདུན་པ་གང་ཞིག་གིས་ཡན་ལག་གི་སྡོམ་པ་ཆུང་ཙགས་རིགས་སྟོང་སོང་ན་ཉམ་གསོ་བྱ་ཐུབ།  ༽བྱ་ཐུབ་ཐབས་མེད་པ་ཞིག་རེད། ཡིན་ནའང་ཅིན་ཡའུན་ཟེར་བ་ཁོ་པས་ཕྱིས་སུ་སྡོམ་པ་རྣམས་ཉམས་གསོ་བྱས་ཚུལ་གྱིས་གྲྭ་བ་ཡིན་ཁུལ་བྱས་ཡོད། འོན་ཀྱང་ཅིན་ཡའུན་ཟེར་བ་ཁོ་པ་ད་ནི་གྲྭ་བ་རྫུན་མ་ཞིག་རེད།

ལི་ཡྰང་ཕིང་གིས་བཤད་པ་བཞིན་ཅིན་ཡའུན་ནས་མོ་ལ་བཙན་གཡེམ་བྱས་པར་ཡིད་ཆེས་པར་བརྟེན་སློབ་དཔོན་བསྟན་འཛིན་བྱམས་ཆེན་ཁོང་ཁྲོ་ཆེན་པོ་ལངས་ཡོད། ཅིན་ཡའུན་ཐེ་ཝན་དུ་ཚུར་ལོག་རྗེས་སློབ་དཔོན་གྱིས་ཁོ་པའི་གྲྭ་བ་རྒན་པའི་གོ་གནས་བླངས་ཏེ་ཆོས་ཚོགས་ཀྱི་ལྡུམ་རར་ལས་གྲ་འཛུགས་སྐྲུན་ལས་གཞིར་ལྟ་རྟོག་བྱེད་དུ་བཏང་བ་རེད། སྐབས་དེར་ཁོ་པ་སྤྲོ་ལངས་པ་དང་མགོ་སྐོར་འོག་འཚུད་ཡོད་པ་བསམས་ཡོད་ལ། ལི་ཡྰང་ཕིང་གིས་ཀྱང་རང་ཉིད་ལྟར་སྡོམ་པ་ཤོར་བ་གཅིག་མཚུངས་ཡིན་ཡང་སློབ་དཔོན་བསྟན་འཛིན་བྱམས་ཆེན་གྱིས་ཁོ་པ་ཉེས་ཆད་ལས་རང་དབང་ཐོབ་བཅུག་ཡོད། དེར་བརྟེན་ཁོ་པས་ཉིན་ལྟར་ཁོང་ཁྲོས་གྱང་ངོར་ཐོད་པས་བརྡབ་ཡོད་ཤས་རེད།

༢༠༠༣ལོ་ཡས་མས་སུ། གུ་རུ་ཏྰེ་ཀོང་ (空上師) གིས་འཁྲབ་སྟོན་འགའ་འཁྲབ་ཡོད་ཅིང་། གུ་རུ་ཏྰེ་ཀོང་ནི་ཆོས་བྱེད་པ་གཅིག་སྟེ་མེ་རེ་ (Mary Jin) ཟེར་བས་དབང་དུ་བཟུང་བར་གྲགས། མཚམས་རེར་བླ་མ་ཙོངཁ་པ་དང་མཚམས་རེར་མཁས་གྲུབ་རྗེ་ཡིན་ཚུལ་བསྟན་པ་དང་། ཁོ་མོས་མཚམས་རེར་ུཡ་མཚན་དངོས་བྱུང་འདྲ་བའི་ངང་ནང་ཆོས་འགའ་སློབ་ཚུལ་བསྟན། སྐབས་རེར་ཁོ་མོ་མཁས་གྲུབ་རྗེའི་ཡང་སྲིད་ཡིན་ཚུལ་སློབ་དཔོན་བསྟན་འཛིན་བྱམས་ཆེན་ལ་ཡིད་ཆེས་སྟེར་ཐབས་དང་ཡང་སློབ་དཔོན་བསྟན་འཛིན་བྱམས་ཆེན་ནི་རྒྱལ་ཚབ་རྗེའི་ཡང་སྲིད་རེད་ཅེས་བཤད་པ་རེད། ད་དུང་ཁོ་མོས་ཆ་མ་ཚང་བ་དེ་རྗེ་ཙོང་ཁ་པ་ཆེན་པོ་དང་དེ་ཚང་ན་རྗེ་ཡབ་སྲས་གསུམ་ཚང་ཡོད་ཚུལ་སློབ་དཔོན་ལ་བཤད། དེར་བརྟེན་སྐྱེ་མཆོག་ཙོང་ཁ་པ་ཆུང་ཆུང་དེ་མོ་ལ་བཟོ་ཆེད་དུ་སློབ་དཔོན་གྱིས་ཧྥེན་ཤན་དགོན་པའི་གྲྭ་རུའུ་ཆེང་(如誠法師)ཟེར་བ་མངགས་གཏོང་བྱས། སྐབས་དེ་དུས་ཡབ་སྲས་གསུམ་ ༼  རྗེ་ཡབ་སྲས་གསུམ་རྒྱ་ནག་ཏུ་སྐུ་འཁྲུངས་ལུང་བསྟན་བཤད་སྲོལ་ཡོད་པ།  ༽ གདན་ཞུ་ཟེར་བའི་ཆེད་དུ་ཧྥེན་ཤན་དགོན་པར་མཆོད་འབུལ་སྨོན་ལམ་གཟབ་རྒྱས་འཚོགས་ཡོད་པ་རེད། ཅིན་རྨོང་རོང་ལ་རུའུ་ཆེང་གི་ཕྲུ་གུ་འཁོར་ཡོད་པ་དང་ལི་ཡྰང་ཕིང་ཁོང་ཁྲོ་ལངས་ཏེ་རུའུ་ཆེང་དང་འཁྲུག་འཛིང་ཆེན་པོ་ཤོར་ཡོད་པ་དང་རྒྱ་མི་ཉེན་རྟོག་པའང་སྐད་བཏང་དགོས་བྱུང་བ་རེད། མཐར་རུའུ་ཆེང་གིས་ཕྲུ་གུ་མངལ་དབྱུང་གཏོང་རྒྱུར་མོས་མཐུན་བྱས།

ལི་ཡྰང་ཕིང་ཟེར་བས་སློབ་དཔོན་བསྟན་འཛིན་བྱམས་ཆེན་ལ་བསྐྱར་དུ་ཞུ་བཏུགས་ཀྱིས་རུའུ་ཆེང་གིས་ཅིན་རྨོང་རོང་ལ་ལྟ་ཚུལ་ངན་པ་དང་མནར་གཅོད་བཏང་ཚུལ་བཤད། རུའུ་ཆེང་གིས་རང་ཉིད་ཀྱི་རྩ་སྡོམ་སྟོང་ཟིན་པ་གསལ་པོ་ཤེས་ཡོད་ཅིང་ཚུར་ཐེ་ཝན་དུ་ལོག་ཡོད། དེ་ནས་ཁོ་པས་ལས་འཆར་ཡོངས་རྫོགས་ལ་ནོར་སྐྱོན་ཞིག་ཚོར་ནས་སློབ་དཔོན་བསྟན་འཛིན་བྱམས་ཆེན་ལ་ཅིན་རྨོང་རོང་ནི་མི་གཡོ་ཟོལ་ཅན་ཞིག་རེད་འདུག་ཅེས་བཤད། འོན་ཀྱང་ལི་ཡྰང་ཕིང་གི་གང་བཤད་ལ་ཡིད་ཆེས་པར་བརྟེན་མ་འོངས་ཤུལ་འཛིན་པར་མཐོང་བའི་མི་དེར་དེ་འདྲ་སྨད་སྐབས་སུ་སློབ་དཔོན་བསྟན་འཛིན་བྱམས་ཆེན་ནི་རུའུ་ཆེང་ལ་ཤིན་ཏུ་ཁྲོས་ནས་རུའུ་ཡྰང་ཆེང་ལ་དོན་དེར་འགྱོད་བཤགས་དགོས་པ་མ་ཟད། དོ་དོམ་ནན་པོའི་འོག་བཞག་པ་དང་ཆོས་ཚོགས་ཀྱི་སེར་སྐྱ་ཚང་མས་ཁོ་པར་ཁ་བརྡ་བྱ་མི་ཆོག་པའི་བཀའ་བཏང་བ་རེད།

དེ་རྗེས་ཁོ་ཁོང་ཁྲོ་ལངས་ཏེ་ཚོགས་གཉིས་ཆོས་ཚོགས་ནས་ཕྱིར་ཐོན་པ་དང་། གནད་དོན་དེ་དག་ཡོངས་རྫོགས་༸གོང་ས་མཆོག་དང་དགའ་ལྡན་ཁྲི་པ། དེ་བཞིན་ཤར་བྱང་ཆོས་རྗེ་རྣམ་གཉིས་བཅས་ལ་ཞུ་ཆེད་བཞུགས་སྒར་དྷ་རམ་ས་ལ་དང་རྒྱ་གར་ལྷོ་ཕྱོགས་སོགས་སུ་ཕྱིན་པ་རེད། དེ་བཞིན་ཚོགས་གཉིས་ཆོས་ཚོགས་ཀྱི་སྐྱ་བོའི་འགོ་ཁྲིད་རྒན་གྲལ་ལི་ཞུ་བའི་མཚོན་མང་པོ་ཞིག་གིས་ཀྱང་གོང་ལྟར་༸གོང་ས་མཆོག་དང་བོད་བླ་སྤྲུལ་ཁག་ལ་གཅིག་མཚུངས་ཞུས་ཡོད་འདུག ཁོ་རྣམ་པས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་དེ་དག་རྒྱུན་མཐུད་ནས་མི་འགྲོ་བ་བསམས་པ་ནི་དེ་དག་གིས་མི་མང་པོ་ཞིག་གནོད་སྐྱོན་ཕོག་གི་ཡོད་པ་དེ་ཡིན་པ་རེད། འོན་ཀྱང་ཞུ་གཏུགས་བྱ་ཕོད་མཁན་ནི་ཉུང་ཤས་ཤིག་ཡིན་པ་དང་ལྷག་པར་དུ་༸གོང་ས་མཆོག་དང་བླ་སྤྲུལ་ཁག་གིས་དེའི་སྐོར་ཡོངས་གྲགས་བྱས་ནས་གསུང་རྒྱུར་སྟབས་བདེ་མེད་པ་ཞིག་རེད།

རུའུ་ཆེང་གིས་དེ་འདྲ་བྱས་པའི་རྒོལ་ལན་དུ་ཁོ་པར་བརྙས་བཅོས་ཀྱིས་ལྐོག་གསོད་བྱ་རྒྱུའི་ཉེན་བརྡ་བཏང་སྟེ་རྡུང་རྡེག་གིས་སྲོག་འགོ་ཐོན་ཙམ་བྱུང་ཡོད་ལ། ལོ་དེར་ཁོང་གི་མ་ཡང་འདས་གྲོངས་སུ་ཕྱིན་པ་རེད། དེ་རྗེས་སོ་སོར་སྲུང་སྐྱོབ་ཆེད་ཨ་རིར་བྲོས་བྱོལ་དུ་ཕྱིན་ནས་ད་ལྟའང་དེར་བསྡད་ཡོད། དེ་རྗེས་ཅིན་རྨོང་རོང་གིས་ཁོ་མོ་ཐེ་ཝན་དུ་ཡོང་ཆེད་རུའུ་ཆེང་དང་མཉམ་དུ་ཆང་ས་རྒྱབ་ཁུལ་བྱས་ཚུལ་བསྒྲགས། དོན་དངོས་ཐོག་ཁོ་གཉིས་ནས་ཆང་ས་རྒྱབ་པ་མ་ཟད་དང་ཆང་སའི་ལག་ཁྱེར་ཡང་ཡོད་པ་རེད། འོན་ཀྱང་སྐབས་དེར་ཐེ་ཝན་གཞུང་གིས་རྒྱ་མིའི་ཁྱོ་བོའམ་ཆུང་མ་ཡུལ་དེར་ལེན་རྒྱུར་ཆོག་མཆན་སྤྲོད་ཀྱི་མེད་པ་རེད། ཅིན་རྨོང་རོང་གིས་ལག་ཁྱེར་རྫུན་མ་ཞིག་ཐབས་འཚོལ་བྱས་ནས་རག་ཡོད་པ་དེ་བརྒྱུད་ཐེ་ཝན་དུ་འཛུལ་ཐབས་བྱས། འོན་ཀྱང་ཐེ་ཝན་ཡུལ་མི་གཞིས་སྤོ་ལས་ཁུངས་ནས་ལག་ཁྱེར་རྫུན་མ་ཡིན་པ་ཤེས་ཏེ་དང་ལེན་བྱས་མེད་པ་མ་ཟད། ཐོ་གཞུང་ནག་པོའི་གྲལ་དུ་བཞག་པ་རེད། ཁོ་མོ་ལག་ཁྱེར་རྫུན་མ་འཁྱེར་ནས་ཐེ་ཝན་དུ་འཛུལ་ཐབས་བྱས་པ་དེས་ཁོ་མོར་ཐེ་ཝན་ཡོང་རྒྱུར་རིམ་པས་ཁག་པོ་ཆགས་པ་རེད།

མི་ལོ་༢༠རིང་མགོ་སྐོར་སླུ་བྲིད་འོག་ལུས་པ་དང་མཐར་ཉེ་དུས་དུམ་བུ་དེ་དག་གུས་ནས་འབད་རྩོལ་ཆེན་པོས་མཉམ་རུབ་ཀྱིས་མཐའ་བསྡོམས་ཚུལ་དུ་བཞག་པ་འདི་ཡིན།

སློབ་དཔོན་བསྟན་འཛིན་བྱམས་ཆེན་གྱི་ཚེ་མཇུག་གི་ལོ་ཤས་ནང་ཅིན་རྨོང་རོང་ཁོང་གི་ཤུལ་འཛིན་པར་བསྐོ་བཞག་བྱེད་རྒྱུར་རེ་སེམས་བཅངས། ཡིན་ཡང་མོ་ཐེ་ཝན་དུ་འཛུལ་ཐུབ་ཀྱི་མེད། གལ་ཏེ་སློན་དཔོན་ཐེ་ཝན་དུ་འདས་གྲོངས་སུ་ཕྱིན་ན། མོ་ཤུལ་འཛིན་པར་འགྱུར་ཐུབ་ཐབས་བྲལ། དེར་བརྟེན་མོས་ཐབས་ནུས་ཡོད་རྒུ་བཏོན་ནས་སླུ་བྲིད་འོག་སློབ་དཔོན་རྒྱ་ནག་ཏུ་ཡོང་ཐུབ་ཐབས་བྱས་པ་དང་། དེ་ཡང་ཁོ་མོའི་ལྟ་རྟོག་འོག་སློབ་དཔོན་རྒྱ་ནག་ཏུ་རང་བཞིན་གྱི་རྒྱུ་རྐྱེན་ལས་འདས་གྲོངས་ཡོང་རྒྱུར་རེ་སེམས་བཅངས་པ་ནི་ཁོ་མོ་རྩོད་གླེང་མེད་པའི་ཐོག་ནས་སློབ་དཔོན་གྱི་ཤུལ་འཛིན་པར་འགྱུར་བ་དེ་རེད། མོས་སློབ་དཔོན་རྒྱ་ནག་ལ་ཡོང་སྟེ་མོ་ལ་སློབ་ཁྲིད་བྱེད་པ་དང་མཉམ་དུ་ཁོང་གི་ནད་གཞི་དྲག་སྐྱེད་སླེབས་པར་ཡིད་ཆེས་སྟེར་ཐབས་བྱས། སློབ་དཔོན་བསྟན་འཛིན་བྱམས་ཆེན་གྱིས་རང་གིས་ཡིད་ཆེས་བྱེད་སའི་སྨན་པ་ཧུའུ་མའོ་ཧྰ་(胡茂華)ཟེར་བ་གོ་སྒྲིག་གིས་ཟླ་༦རིང་རྒྱ་ནག་གི་གྲོང་ཁྱེར་ཤའི་མེན་དུ་ཐོན་རྒྱུར་གཏན་ཁེལ་བྱས། འོན་ཀྱང་སྨན་པ་ཧུའུ་གྲོང་ཁྱེར་དེར་སླེབས་ནས་ཉིན་གཅིག་ལས་མ་འགོར་བར་ཐེ་ཝན་དུ་ཕྱིར་སློག་བྱས་པ་དེ་ནི་ཅིན་རྨོང་རོང་གིས་བཀའ་རྒྱའི་འོག་ནས་བྱུང་བ་ཞིག་ཡིན་པ་སྨོས་མེད་ཅིག་རེད། དེ་རྗེས་ས་གནས་དེ་རང་ནས་ཡོང་བའི་ཉམས་མྱོང་འཐུས་ཚང་མེད་པའི་སྨན་པ་ཞིག་གིས་སློབ་དཔོན་གྱི་སྙུན་གཞིར་གསོ་བཅོས་བྱ་འགོ་བརྩམས། སྨན་གྲངས་དང་སྨན་ཐུན་མང་དུ་བཏང་སྟེ་སྨན་ཤུགས་ཇེ་མཐོར་བཏང་བ་སྨན་པ་དེས་སྨན་ཤོག་ཏུ་བཀོད་ཡོད་པ་རེད། ༼  གསལ་བཤད། སྟོབས་སྐྱེད། རྩྭའི་རྒྱ་སྨན་ཞེས་གྲགས།  ༽སྨན་བཅོས་སྐབས་སུ་གྲྭ་དྰ་ཤན་(大顯)ཟེར་བ་དེ་ཡོད་པ་དང་ཁོང་གིས་བདེན་དཔང་བྱ་ཐུབ་པ་ཞིག་རེད། སློབ་དཔོན་འདས་གྲོངས་སུ་ཕྱིན་རྗེས་གྲྭ་དྰ་ཤན་ཚོགས་གཉིས་ཆོས་ཚོགས་ནས་ཕྱིར་ཐོན་གནང་བ་དེ་ནི་ཁོང་གིས་དངོས་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་ཡོད་པས་མུ་མཐུད་ཆོས་ཚོགས་སུ་སྡོད་མ་ཕོད་པ་ཞིག་རེད། སློབ་དཔོན་གྱིས་སྟོབས་སྐྱེད་སྨན་འབེལ་པོ་དེ་འདྲ་འཐུང་སྐབས་ཁོང་གི་ལུས་པོས་ལྡོག་ཕྱོགས་ཀྱི་རྣམ་འགྱུར་ཤུགས་ཆེན་ཐོན་པ་མ་ཟད། འཕར་རྩ་ཆ་མི་སྙོམ་པ་དང་ལུས་པོའང་མཁྲེགས་པོར་གྱུར་པ་སོགས་བྱུང་བ་རེད། དེ་རྗེས་སྨན་པ་དེས་ཁོང་ལ་གཤལ་སྨན་སྤྲད་དེ་ཁོང་གི་ལུས་པོའི་ནུས་པ་ཧ་ཅང་སྐྱོ་རུ་བཏང་བ་དང་མཐར་སྨན་བཅོས་དེས་ཁོང་མེད་པ་བཟོས་པ་རེད།

དེར་བརྟེན་སློབ་དཔོན་ཁོང་གནས་སྟངས་དེ་ལྟ་བུའི་ཐབས་སྡུག་འོག་འདས་གྲོངས་སུ་ཕྱིན་པ་མ་ཟད། སྐབས་དེར་ཁོང་གིས་གཞི་ནས་རང་ཉིད་མགོ་སྐོར་སླུ་བྲིད་འོག་ལྷུངས་ཡོད་པ་ཤེས་བཞིན་དུ་འདས་གྲོངས་སུ་ཕྱིན་པ་སྟེ། སློབ་དཔོན་གྱི་སྤྱན་གཉིས་དེ་འདྲ་འབུར་དུ་གཏོད་པ་དང་གྲོད་ཁོག་དེ་འདྲ་སྦོས་པ་མཐོང་དུས་ང་ཚོར་ཧ་སང་ཧོན་ཐོར་དགོས་པ་ཞིག་བཟོས་པ་རེད། འོན་ཀྱང་ཅིན་རྨོང་རོང་གིས་སློབ་དཔོན་འདས་སྐབས་ཁོང་ཡི་དམ་རྡོ་རྗེ་འཇིགས་བྱེད་ཁྲོ་གཏུམ་ཅན་ཞིག་ཏུ་འཕྲོ་འགྱེད་བྱུང་ཚུལ་བཤད། ང་ཚོ་ཚང་མ་མོའི་མགོ་སྐོར་སླུ་བྲིད་འོག་ཏུ་འཚུད་པ་རེད། སློབ་དཔོན་གྱི་སྐུ་ཕུང་ཞུགས་འབུལ་སྐབས་སློབ་དཔོན་ཡི་དམ་རྡོ་རྗེ་འཇིགས་བྱེད་དྲག་པོའི་གཟུགས་སུ་ནམ་མཁའ་ཡོངས་རྫོགས་འཕྲོས་ནས་ཡལ་འགྲོ་ཚུལ་མོས་བཤད་ཀྱང་ང་ཚོ་སུ་གང་གིས་ཀྱང་དེ་འདྲ་མཐོང་མེད་པ་མ་ཟད། ང་ཚོས་མཐོང་བའི་ཤུལ་ལྷག་དེ་དག་ཁོང་གི་སྐུ་གདུང་གི་ཆ་ཤས་ཙམ་ཡང་མིན་པ་དང་མཆོད་རྟེན་དུ་ཡོད་ཚུལ་བཤད་པ་དེ་རྣམས་ཚང་མ་རྫུན་མ་རེད་འདུག གུས་པ་ཧ་སང་ཧོན་ཐོར་བ་སོང་ཡང་དྭོགས་པ་རྣམ་རྟོག་དེ་དག་གསང་ཉར་བྱེད་དགོས་བྱུང་ལ། དེ་བཞིན་དྭོགས་པ་ཡོད་མཁན་ཚང་མ་ཆོས་ཚོགས་ནས་གཅིག་རྗེས་གཉིས་མཐུད་བྱས་ནས་ཕྱིར་ཐོན་པ་རེད། གྲྭ་དྰ་ཤན་(大顯)དང་ཤྰིང་ཧོང་(性宏)། དེ་བཞིན་ཆན་ཛྰོང་(禪宗)གིས་མཚོན། ད་དུང་སྐྱ་བོའི་ཁྲོད་ཀྱི་འགོ་ཁྲིད་རྒན་གྲལ་ཡོངས་རྫོགས་ནས་སྐུ་གདུང་ངོ་མའི་ཆ་ཕྲ་མོ་ཞིག་ཀྱང་ལྷགས་མེད་པར་ཤེས་རྟོགས་བྱུང་ཡོད། གང་ལྟར་ལྐོག་གཡོ་བྱུས་ངན་གཞི་རྒྱ་ཆེ་བ་དེ་འདྲ་ཞིག་བཤམས་ཏེ་སློབ་དཔོན་ཁོང་དཀྲོངས་པ་རེད།

དེ་རྗེས་ཅིན་རྨོང་རོང་གིས་ཁ་ཆེམས་རྫུན་མ་ཞིག་བཟོས་ཏེ་ཁོ་མོ་སློབ་དཔོན་ཤུལ་འཛིན་པ་ཡིན་པ་དང་ཚོགས་གཉིས་ཆོས་ཚོགས་ཁ་ཐོར་འགྲོ་རྒྱུ་མེད་ཚུལ་བསྒྲགས་པ་རེད། འོན་ཀྱང་སློབ་དཔོན་ཁོང་གིས་ཁ་ཆེམས་ངོ་མ་རུ་གྲྭ་རུའུ་ཊྲེང་(如證)ཞུ་བ་ཤུལ་འཛིན་དུ་བསྐོ་བཞག་དགོས་པ་དེ་ཡིན་ཞིང་། དེ་ཡང་ཆོས་ཚོགས་ཀྱི་དགེ་འདུན་པ་ཡོངས་ཀྱི་བསམ་ཚུལ་གཅིག་མཐུན་ (羯磨) བྱུང་བ་ཞིག་དང་། གནད་དོན་དེ་ཁོང་གིས་ལོ་ལྟར་གསུངས་བཞག་ཡོད་པ་ཞིག་རེད། ངོས་ནས་སློབ་དཔོན་གྱི་ཁ་ཆེམས་དེ་དངོས་སུ་མཐོང་མྱོང་མེད་ཀྱང་ཕྱིས་སུ་ཤེས་རྟེགས་བྱུང་བར་གཞིགས་ན་དེ་ཅིན་རྨོང་རོང་གིས་བདག་ཏུ་བཟུང་ཡོད་འདུག རྒྱུ་མཚན་མང་དག་ཅིག་གི་ཐོག་ནས་ཁོ་མོས་དེ་ཕྱིར་འགྲེམས་བྱེད་ཀྱི་མེད་པ་གསལ་པོ་རེད། མོས་དབང་ཆ་ཉུང་བ་ལས་འཛིན་གྱི་མེད་འདོགས་བྱས་པ་དང་ཕྱིའི་རྣམ་འགྱུར་ཐོག་ནས་མཁན་པོ་རུའུ་ཏྲེང་ལ་འགྲེལ་བཤད་རྒྱག་ཏུ་བཅུག རྒྱབ་ལོག་ནས་ཁོང་ལ་རྒྱབ་སྐྱོར་བྱས། གསར་ཞུགས་སློབ་མ་མང་དག་ཅིག་རང་ཉིད་ཕྱོགས་གཏོགས་ཀྱི་དཀྱིལ་འཁོར་དུ་འཁྲིད་ཟིན་འདུག རུའུ་ཏྲེང་གིས་གནས་ཚུལ་ཅི་ཙམ་ཤེས་རྟོགས་ཡོད་མེད་མི་ཤེས་མོད། གང་ལ་གང་མཚམས་ཤིག་ཤེས་དགོས་ངེས་རེད། མོའི་ཕྱོགས་གཏོགས་ཀྱི་གྲྭ་བ་ཚོས་ཁོ་པར་བཟོ་ལྟ་ཏག་ཏག་བཟོས་ཡོང་བསམས་ནས་འཇིགས་སྣང་གིས་མོའི་བཀའ་བརྩི་དང་ལེན་མ་ཞུ་ཐབས་མེད་རེད། ༼ གསལ་བཤད། ཕྱོགས་གཏོགས་ཀྱི་དཀྱིལ་འཁོར་དུ་གྲྭ་བ་མང་པོ་ཡོད་པ་དང་། སེམས་ཐག་ཉེ་ཤོས་དེ་ཚོ་སྲུང་སྡོམ་མོས་སྟོང་ཟིན་པ་རེད། དེ་ཡང་མོ་དང་མཉམ་དུ་སྡོད་མཁན་དེ་དག་ལོ་ལྟར་མོའི་ཉེ་འཁོར་དུ་ཡོད་ཅིང་། གཞན་རྣམས་ལ་དགོན་པར་ཆོས་ཤོད་སྐབས་སུ་ལོ་རེར་ཐེངས་ཁ་ཤས་རེ་འཐུག་འཕྲད་བྱས། དེ་ཡང་མོའི་ཕུད་དཀྱིལ་འཁོར་དེའི་འགོ་དཔོན་གཏེ་བོ་ནི་གྲྭ་རང་ལོ་༣༠ཡས་མས་ཡིན་པའི་རུའུ་ཧྥ་(如法)ཟེར་བ་དེ་ཡིན་པ་དང་ཁོ་པས་ཆོས་ཚོགས་ཀྱི་དཔལ་འབྱོར་དང་ལས་རིམ་སོགས་ཀྱི་ཐད་གང་བྱ་དགོས་མིན་ཐག་གཅོད་ཀྱིས་མཁན་པོ་ལས་གོ་དབང་ཆེ་བ་ཡོད།  ༽

ཅིན་རྨོང་རོང་གིས་ཕྲུ་གུ་མང་པོ་ཆུང་དུས་ནས་རང་ཉིད་ཕྱོགས་གཏོགས་ཀྱི་དཀྱིལ་འཁོར་དུ་གྲ་བསྒྲིགས་དང་ལྡན་པའི་ངང་ནང་འདྲེན་(預科班)གྱིས་གསོ་སྐྱོང་དང་ཁོ་ཚོ་འཚར་ལོང་ཡོང་བ་མཉམ་དུ་རང་ཉིད་ཀྱི་ཤུགས་རྐྱེན་ཐེབས་སུ་བཅུག་སྟེ་གྲྭ་བ་རྒན་གྲལ་མང་པོ་ཞིག་ཟུར་དུ་སྣང་མེད་དུ་འཇོག་ཐབས་བྱས་ཡོད། གུས་པར་མཚོན་ན་མི་ལོ་༧གྱི་རིང་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་རྒྱུར་བཀག་པ་དང་གང་ཞིག་གིས་གུས་པར་འཐུག་འབྲེལ་བྱས་ཚེ་འཇིགས་སྐུལ་བྱས་སོང་།

དྲི་བ། གྲྭ་ཧྥན་ཡིང་། དེས་ན་གནད་དོན་དེའི་དཀྱོག་མཚམས་ག་དུས་ཡིན་ནམ་ཞེ་ན།

དྲིས་ལན། ལོ་འདིར་རི་རྫོང་རིན་པོ་མཆོག་༼  ལམ་རིམ་ལེགས་གསུངས་ཉིང་ཁུ་  ༽ཡི་ཐོག་གསུང་ཆོས་གནང་ཆེད་ཐེ་ཝན་དུ་ཟླ་བ་༣རིང་ཕེབས་པ་རེད།  ༼  གསལ་བཤད། རི་རྫོང་རིན་པོ་མཆོག་ནི་དགའ་ལྡན་ཁྲི་ཐོག་༡༠༢པ་དེ་ཡིན་ཞིང་། ཁོང་གིས་ཐེ་ཝན་ཧྥེན་ཤན་དགོན་པའི་གངས་མཚོ་སློབ་གློང་(Lake Mountain Campus 湖山分院)དུ་༢༠༡༧ལོའི་ཟླ་༢པ་ནས་༣བར་བཀའ་ཆོས་གནང་ཡོད།  ༽སྐབས་དེར་ཁོང་གིས་ཉིན་ལྟར་ཚོགས་གཉིས་ཆོས་ཚོགས་ཀྱི་དཀའ་རྙོག་གསུངས་ཡོད། དེ་ཡང་ང་ཚོའི་ཕྱི་ལུས་ཀྱི་ཚོར་རེག་གི་བདེ་སྤྲོ་ཙམ་ལ་ཆགས་པ་དེ་ཆོས་ངོ་མ་ལ་དོན་གཉེར་གཅེས་སྤྲས་བྱེད་པ་མིན་ལུགས་གསུངས་ཡོད་པ་དེ་་་་་ང་ཚོ་ཚང་མས་ཤེས་གསལ་རེད།

གུས་པས་རིམ་པ་བཞིན་དེ་དག་བསམས་ཏེ་གཉིད་ལས་སད་འགོ་བརྩམས་པ་ཡིན་ལ། གྲྭ་རུའུ་ཤྰིང་(如性)ལའང་དེ་བཞིན་ཉིན་ལྟར་བཤད་ཡོད། དཔེར་ན། “དེ་གང་འདྲ་ཆགས་པ་རེད་དམ།?” “རི་རྫོང་རིན་པོ་མཆོག་གིས་ཅིའི་ཕྱིར་གནད་དོན་དེ་དག་གི་ཐོག་དུས་རྟག་ཏུ་གསུང་གི་ཡོད་པ་རེད་དམ།?” གང་ཡིན་ཟེར་ན། གྲྭ་རུའུ་ཤྲིང་གིས་ཚོགས་གཉིས་ཆོས་ཚོགས་ནང་ཁུལ་གྱི་དཀའ་རྙོག་མང་པོ་ཞིག་ཤེས་རྟོགས་ཡོད་པ་རེད་ལ། རི་རྫོང་རིན་པོ་ཆེ་དང་མཉམ་དུ་དཀའ་རྙོག་དེ་དག་གི་སྐོར་ཡང་ཡང་གླེང་སློང་གནང་ངེས་རེད། ཁོང་སློབ་དཔོན་བསྟན་འཛིན་བྱམས་ཆེན་གྱི་དངོས་སློབ་ཅིག་ཡིན་པར་བརྟེན་དེའི་ཐོག་རོགས་སྐྱོར་གནང་འདོད་ཡོད་འདོག་ཁ་པོ་རེད། ༼  གསལ་བཤད། གྲྭ་རུའུ་ཤྰིང་ནི་ཆུང་དུས་ནི་སློབ་དཔོན་བསྟན་འཛིན་བྱམས་ཆེན་གྱིས་སློབ་སྡོམ་གནང་རྗེས་རྒྱ་གར་དུ་བོད་ཀྱི་བླ་སྤྲུལ་དགེ་བཤེས་ཚོའི་སར་ནང་ཆོས་ལ་འཆད་ཉན་གྱི་ཆེད་དུ་མངགས་གཏོང་བྱས་པ་རེད་ལ། ཁོང་རྒྱ་གར་དུ་བཞུགས་ནའང་རི་རྫོང་རིན་པོ་ཆེ་ཐེ་ཝན་དུ་ཕེབས་སྐབས་རྒྱ་སྐད་ཀྱི་གསུང་སྒྱུར་བ་གནང་གི་ཡོད།  ༽ འོན་ཀྱང་རིམ་པས་དུས་འགྱུར་ལ་བརྟེན་ནས་ཁོང་ཡང་སེམས་ཤུགས་ཆག་པ་དང་ཚོགས་གཉིས་ཆོས་ཚོགས་ཀྱི་རྙོག་གླེང་དག་ལ་འགྱུར་བ་ཡོང་རེ་མེད་པར་བསམས་ཡོད།

གུས་པས་ཀྱང་སྙིང་ཁོངས་རུས་པའི་སྟེང་ནས་རི་རྫོང་རིན་པོ་ཆེ་མཆོག་ལ་འདི་ལྟར་ཞུས་ཡོད། “གུས་པས་སྐུ་ཉིད་ཀྱི་བཀའ་སློབ་དང་ལམ་སྟོན་ཁག་ལ་གུས་བཀུར་བརྩི་སྲུང་ལོས་ཞུས། ཁྱེད་ཉིད་ཀྱི་ལམ་སྟོན་འོག་གུས་ནས་གཟབ་ནན་ཆེན་པོས་ཐུན་མཚམས་བྱས་པའི་སྐབས་སུའང་བསམ་གཞི་བརྟན་པོར་བཟུང་ཞིང་། ད་བར་ནང་བསྟན་ཐོག་རང་ནུས་གཅོག་ཚོད་ཀྱིས་སྦྱངས་འབྲས་བྱུང་བ་དེ་དག་མ་ནོར་བའི་ཐབས་ལམ་བརྒྱུད་ཚོགས་གཉིས་ཆོས་ཚོགས་སྲུང་སྐྱོབ་ཐུབ་ཐབས་ཞུ་རྒྱུ་ཡིན། ཞེས་ཞུས་པར་རིན་པོ་ཆེས་གུས་ལ་རོགས་སྐྱོར་གནང་རྒྱུར་དགོངས་བཞེས་གནང་སོང་ལ། ཚོགས་གཉིས་ཆོས་ཚོགས་ཀྱི་དཀའ་རྙོག་དག་ལས་གནད་དོན་གལ་ཆེ་ཤོས་གཅིག་རང་ཡོད་པ་དེ་ནི་རྩ་བའི་བླ་མར་དད་པ་དམ་ཚིག་སྐྱོང་ནོར་ཐེབས་པ་དེ་རེད། ཅེས་རིན་པོ་ཆེ་ཁོང་གིས་གུས་ལ་དེ་ལྟར་གསུངས་བྱུང་། དེར་བརྟེན་ཅིན་རྨོང་རོང་གིས་བཤད་པའི་བླ་སློབ་དབར་གྱི་དམ་ཚིག་སྐྱོང་ཚུལ་རྣམས་ནི་ནང་ཆོས་མིན་པ་དང་། དེ་དག་ནི་རྟོག་བཟོས་དང་ལྷ་བཅས་རིང་ལུགས་བརྒྱུད་སྒེར་ཆོས་རིང་ལུགས་ཤིག་འཛུགས་ཐབས་བྱས་པ་རང་རེད། ཁོ་མོའི་འཆད་ཁྲིད་དེ་དག་རི་རྫོང་རིན་པོ་ཆེ་ལྟར་རྒྱུད་པའང་དག་གཙང་ཞིག་དེ་ལས་ཀྱང་མེད། དཀའ་རྙོག་དེ་དག་ཡོངས་རྫོགས་བླ་སློབ་དབར་གྱི་དད་པ་དམ་ཚོག་སྐྱོང་ནོར་ཐེབས་པ་ལ་བརྟེན་ནས་བྱུང་བ་དེ་རིན་པོ་ཆེ་ཁོང་གིས་ཀྱང་གསལ་པོ་མཁྱེན་རྟོགས་ཡོད་པ་ཞིག་རེད།

ལོ་ཤས་སྔོན་དུ་རི་རྫོང་རིན་པོ་ཆེ་མཆོག་གིས་འདི་ལྟར་གསུངས་བྱུང་། སྐབས་དེར་གུས་པར་ནད་གཞི་ཞིག་ཕོག་ཅིང་། གུས་པར་ལྷའི་བཀའ་ལུང་ཞིག་སློབ་སྟོན་ཞུས་པར་རིན་པོ་ཆེས་ཁས་ལེན་གནང་མ་སོང་བ་དང་ཆབས་ཅིག “ཁྱེད་རང་གི་ན་ཚས་མཚོན་བར་ཆད་དང་དཀའ་རྙོག་འདི་དག་ཚང་མ་བླ་མ་བསྟེན་ནོར་ཐེབས་པའི་རྒྱུ་རྐྱེན་ལས་བྱུང་ཡོད་པ་རེད།” ཅེས་འགྲེལ་བརྗོད་གནང་སོང་། ངོས་ནས་འདི་ལྟར་ཐོས་སྐབས་ལྷག་བསམ་རྣམ་དག་གིས་སྔོན་ཆད་ལ་འགྱོད་བཤག་དང་ནོར་འཁྲུལ་ཡོ་བསྲང་། ཕྱིན་ཆད་ཁས་བླང་དམ་པོར་འཛིན་ཡོད། དེར་བརྟེན་རིན་པོ་ཆེས་གུས་པ་སྐྱོབ་སོང་ལ། རིམ་པས་ཁོང་ལ་ཡིད་ཆེས་བློ་འགེལ་སླེབས་པ་དང་ཁོང་གི་བཀའ་ཆོས་ཁག་ལ་ནན་བསམ་གཏོང་རྒྱུར་ཕན་ཐོགས་བྱུང་བ་མ་ཟད། དེ་བརྒྱུད་དངོས་ཡོད་ཀྱི་གནས་སྟངས་ཁག་མཐོང་བར་རོགས་འདེགས་གནང་སོང་། གཞན་གུས་ད་ལྟ་འདི་འདྲ་ཞིག་ཆགས་མི་སྲིད་པ་ཞིག་རེད། ཉེ་དུས་རིན་པོ་ཆེ་དང་ལྷན་དུ་གུས་པ་ཐུན་མཚམས་ཤིག་བསྡད་འདོད་བྱུང་བ་དེར་ཁོང་གིས་ཀྱང་ རོགས་འདེགས་གནང་རྒྱུར་མོས་མཐུན་གནང་སོང་།

ཅིན་རྨོང་རོང་ཆོས་ཚོགས་ཀྱི་གྷུ་རུ་ཡིན་པར་བརྟེན་མོའི་མིང་ཐོག་ཏུ་གུས་པའི་དགོངས་ཤོག་སྤྲད་པ་ཡིན། དེ་ནི་༢༠༡༧ལོའི་ཟླ་༤པ་སྟེ་ཟླ་བ་གཉིས་ཀྱི་གོང་དུ་རེད་ལ། ཟླ་༥པའི་ཚེས་༡༠ཉིན་ཕྱིར་ཐོན་རྒྱུར་གྲ་སྒྲིག་དང་གནམ་གྲུའི་ལག་ཁྱེར་ཡང་ཉོས་ཟིན། མོས་ཀྱང་ངོས་ལེན་བྱས་སོང་ཡང་ཟུར་དུ་འཐུག་འཕྲད་བྱ་དགོས་ཚུལ་བཤད་བྱུང་། ༼  ཟུར་བཤད། ཅིན་རྨོང་རོང་སྐབས་དེར་སེང་གྷ་པོར་དུ་ཡོད།  ༽གུས་པ་མོར་འཐུག་པར་འགྲོ་འདོད་ཀྱང་ཀུན་གྱིས་དེ་ལྟར་བྱེད་རྒྱུ་མེད་ལུགས་བཤད་བྱུང་། ཁོ་ཚོས་བཤད་ཚོད་ལ་གུས་དེ་ལྟར་ཕྱིན་པ་ཡིན་ན་ཚར་བ་རེད་ཅེས་དང་ཡང་བསྐྱར་དོ་དམ་འོག་འཇོག་ངེས་རེད་ཅེས་ཟེར་ནས་ཉེན་བརྡ་བཏང་། དེར་བརྟེན་དང་ཐོག་མོ་ལ་ཁ་པར་ཐོག་བཀའ་མོལ་བྱེད་རོགས་བཤད་པར་དང་ལེན་བྱས་མ་སོང་། མཐར་གུས་པས་འཕྲིན་ཐུང་ཞིག་བསྐུར་བ་དེའི་ནང་། གལ་ཏེ་སྐད་ཆ་བཤད་པར་ཉན་འདོད་མེད་ཚེ་མོའི་གསང་བ་ཐམས་ཅད་འཛམ་གླིང་ཡོངས་ལ་གསལ་སྟོན་བྱ་རྒྱུ་ཡིན་ཞེས་བྲིས་པར་ཞེ་སྣང་སྐྱེས་ཏེ་དེ་མ་ཐག་དྲ་བརྙན་ཚོགས་འདུ་སྐོང་སོང་།

དྲ་བརྙན་ཚོགས་འདུ་གསུམ་པར་གྲྭ་བ་རྒན་གྲལ་ཡོངས་རྫོགས་འཛོམས་པ་དང་དེའི་ནང་ནས་༣༠ཡས་མས་ཤིག་གོང་ཞུས་གངས་མཚོ་སློབ་གླིང་ནས་རེད་འདུག སྐབས་དེར་མོས་ཁོ་ཚོར་བཤད་རྒྱུར། “ཚོགས་པ་འདི་ད་ལྟ་ཛར་ཛོར་ཆགས་འདུག” ཅེས་ཟེར་ནས་གཞི་ནས་མོས་སེམས་ཕྲལ་བྱ་མགོ་བཙུགས་སོང་། དེ་ནས་གྲྭ་བ་རྒན་གྲལ་ཚོའི་ཚོར་ཤུགས་ཞི་འཇགས་གཏོང་ཆེད་མོས་བཟོད་སྒོམ་དང་བཀའ་དྲིན་བསམ་ཤེས་དགོས་ཚུལ་ནན་ཞུ་བྱས། སྐབས་དེར་གུས་པས། “གྷུ་རུ་ལགས། ང་ཚོར་གཅིག་ཞུ་རྒྱུ་ཡོད། ནང་བསྟན་འདུལ་བར་གཞིར་བཞག་ན་དགེ་འདུན་གྱི་སྡེ་རྣམས་བུད་མེད་དང་མཉམ་དུ་སྡོད་ཁང་གཅིག་གི་ནང་མཉམ་སྡོད་མི་ཆོག་པ་བཀོད་ཡོད་པ་ཚང་མས་ཤེས་གསལ་རེད་ལ། དེ་ལྟར་བྱས་ན་ཨ་རིར་ཁྱེད་ལ་རི་རྫོང་རིན་པོ་ཆེ་མཆོག་གིས་ཉེས་པ་ཡོད་ལུགས་གསུངས་པ་མ་ཟད། ཕྱིན་ཆད་དེ་འདྲ་བྱ་མི་རུང་བ་ནན་གསུངས་གནང་ཡོད་པ་རེད།” ཅེས་བཤད་པ་ཡིན། མོས་ངུ་སྐད་དང་བཅས་འདི་ལྟར་བཤད། “ཁོང་ཚོ་ང་གཡུག་ཐུབ་ཐབས་མེད། ང་མེད་ན་ཁོང་ཚོས་འཚོ་བ་གང་འདྲར་སྐྱེལ་དགོས་པ་རེད།” ཅེས་བཤད་པ་དེ་ནི་ཁག་འདོགས་ས་རང་ཡིན། ཁོང་རྣམས་མེད་ན་འཚོ་བ་འཁྱོལ་ཐབས་བྲལ་བ་དེ་ཁྱེད་རང་རེད་ལ། དེ་ཡང་ནང་བསྟན་འདུལ་བའི་སྲུང་ཁྲིམས་དང་ཕྱོགས་ཀུན་ནས་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་བ་ཞིག་རེད། ཅེས་བཤད་པར་དེ་དག་མོས་ཐོས་ཕྲལ་ཁོང་ཁྲོ་ཆེན་པོ་དང་བཅས། “དོན་དངོས་ཁྱོས་ག་རེ་ཤོད་ཀྱི་ཡོད་དམ།? ཁྱེད་ཚོས་ང་ཕྱིར་འབུད་བྱ་ཐབས་ལ་འབོད་རྩོལ་བྱེད་བཞིན་ཡོད་དམ།? ང་འདི་པར་མ་བསྡད་ན་ག་པར་སྡོད་དགོས་སམ།?” ཞེས་དྲིས་སོང་། གུས་པས་མོ་ཕྱིར་འབུད་གཏོང་ཐབས་བྱེད་རྩིས་མེད་ལ། ལྷག་པར་དུ་མོས་ཚོགས་པ་འདིར་ལེགས་སུ་སྐྱེས་ཕུལ་བ་དག་ལ་རྗེས་སུ་ཡི་རང་དང་དང་བ་ཆེན་པོ་ཡོད་ལུགས་བཤད་པ་ཡིན། “གྲྭ་བ་དང་གསར་ཞུགས་སློབ་མ་ཚོ་དང་མཉམ་དུ་མ་བཞུགས་རོགས་གནང་། ཐུགས་རྗེ་གཟིགས།” ཞེས་ཤོད་སྐབས་ཅིན་རྨོང་རོང་གིས་འདི་ལྟར། “ང་ཚོ་མཉམ་སྡོད་བྱེད་ཀྱི་ཡོད་པ་སུས་བཤད་བྱུང་ངམ།? ང་ཚོ་ཐོག་ཁང་གཅིག་ནང་བསྡད་པ་གཅིག་པུ་ལས་གཞན་གང་ཡང་མེད།?” ཅེས་བཤད། འོན་ཀྱང་ཁོ་ཚོ་ཐོག་རྩེག་གཅིག་གི་འོག་ཏུ་སྡོད་ཀྱི་ཡོད་པ་དངོས་ཡོད་རེད། གང་ལྟར་མོས་གང་བཤད་པ་ཐམས་ཅད་གྱང་ངོར་རྡོ་བཞུས་ཀྱི་དཔེ་ལྟར་ངན་བྱུས་ཙམ་ལས་མི་འདུག

སྐབས་དེར་མོར་རྒྱབ་སྐྱོར་དུ་གྲྭ་རུའུ་དྷེ་(如得)ཟེར་བས་ངུ་འབོད་ཀྱི་འཁྲབ་སྟོན་འགོ་འཛུགས་བྱས་ཏེ་བརྒྱ་བཤད་སྟོང་བཤད་མང་དག་ཅིག་བྱས་སོང་བ་མངོན་གསལ་དོད་པོ་ཆགས་སོང་། མོར་རྒྱབ་སྐྱོར་བྱེད་མཁན་ཚང་མ་ནམ་རྒྱུན་ཁོ་མོས་བློ་འགེལ་བྱ་སའི་གཞོན་སྐྱེས་དེ་ཚོ་རེད། གྲྭ་རུའུ་ཊྲེང་༼ ཟུར་བཤད། མཁན་པོ་ཟུར་པ།  ༽ཡར་ལངས་ཏེ་ཁོ་མོ་ང་ཚོའི་རྩ་བའི་བླ་མ་བྱས་ནས་སྡོད་རྒྱུར་ཁག་པོ་ཡིན་ལུགས་བཤད་སོང་བ་མ་ཟད། དེ་འདྲའི་གནས་སྟངས་འོག་ང་ཚོའི་ཆེད་དུ་མོ་ཡང་དཀའ་ཚེགས་ཧ་ཅང་ཆེན་པོ་མང་པོ་ཞིག་བརྒྱུད་འགྲོ་བཞིན་པ་རེད། ཅེས་སོགས་བཤད། གུས་པས་འདི་ལྟར། “སྐུ་ཞོག་རུའུ་ཊྲེང་ལགས། ཁྱེད་རང་ངའི་མདུན་དུ་ལངས་ནས་བཤད་རྒྱུ་དེ་མ་རེད། རྙོག་གླེང་ལངས་པ་ནས་བཟུང་ཁྱེད་རང་ལ་ཁོ་ཚོའི་ཕྱོགས་གཏོགས་ཀྱི་གྲྭ་བ་ཚོས་བཀོལ་ཉེས་ཁ་རྡུང་བཏང་བ་དེ་དག་ཉིན་ལྟར་ངའི་སར་ཡོང་སྟེ་ངུ་འབོད་བྱས་པ་དེ་གང་བྱས་པ་རེད།” ཅེས་བཤད་པ་ཐོས་ཕྲལ་ཁོང་གི་ངོ་གདོང་ནག་སྨུག་ཏུ་གྱུར་སྐབས་ཚང་མའི་འགོད་སྒྲས་ཁེངས་སོང་། དེང་སང་གི་གྲྭ་བ་ཚོ་འདི་འདྲ་རེད། ཁོ་ཚོས་གང་བཤད་པ་རྣམས་དུས་རྟག་ཏུ་དོན་དངོས་ལ་གོ་བ་ལེན་རྒྱུ་མེད་པ་རེད།

གྲྭ་ཅིང་མྰིང་(淨明)༼ མཁན་པོ་གཉིས་པ། ༽ཟེར་བའི་སྡང་དགྲ་ཆེན་པོར་འཛིན་པའི་འཁྲབ་སྟོན་གྱིས་ཉིན་གཉིས་པ་དེ་འདས་སོང་། གང་ཡིན་ཟེར་ན། ཅིན་རྨོང་རོང་གིས་ཁོ་པ་གོང་ཞུས་ཁ་ཎ་ཌའི་མཚོ་གླིང་དུ་ཕྲལ་མར་མངགས་གཏོང་བྱ་གཏན་ཁེལ་ཡོད་སྟབས། ཁོ་པས་རྙོག་གླེང་དེ་གོ་སྐབས་ཤིག་ཚོར་བཞིན་ཁག་འདོགས་ས་ཞིག་བགྲངས་ཏེ་དེ་ལས་ཐར་སོང་བ་རེད། སྐབས་དེར་མོས། “ཅིང་མྰིང་དང་ཧྥན་ཡིང་ཁྱེད་གཉིས་ནས་གང་བྱེད་བཞིན་པ་དེ་ནོར་འཁྲུལ་ཞིག་རེད། འོན་ཀྱང་ཁོ་གཉིས་ཀྱིས་བླ་མར་བཅངས་པའི་དད་དམ་ལ་ནོར་འཁྲུལ་ཞིག་ཡོད་པ་སྟོན་གྱི་འདུག འོན་ཀྱངམཅིང་མྰིང་གང་དུ་ཕེབས་ཀྱང་ངས་ལྟ་རྟོག་བྱ་རྒྱུ་ཡིན།” ཞེས་བཤད་པས་ཅིང་མྰིང་ལ་ཁོ་ཚོས་རྡུང་རྡེག་བྱེད་རྒྱུའི་ཁ་མ་སྒྱུར་བའི་རྡོ་ཞིག་ལྷག་མེད་པ་གསལ་པོ་རེད།

༸གོང་ས་མཆོག་གིས་ཁོ་མོའི་ཚད་མཚམས་ལས་ཆེས་བརྒལ་ཟིན་པའི་བྱ་སྤྱོད་དང་ནོར་འཁྲུལ་ཆ་ཚང་མཁྱེན་རྟོགས་ཡོད། ཡིན་ཡང་ང་ཚོ་རང་གི་ངོས་ནས་མ་སྐུལ་དང་བླངས་ཀྱིས་ནུས་པ་ཡོད་ཚད་བཏོན་ཏེ་ཁོང་ལ་ད་དུང་གསལ་པོ་ཞུ་རྒྱུར་ཐབས་ཤེས་ཡོད་རྒུ་ཞུ་དགོས་པ་ཞིག་རེད། གལ་ཏེ་༸གོང་ས་མཆོག་གིས་གསན་པ་དེ་དག་གྲྭ་རུའུ་ཆེང་གིས་ཞུས་པ་གཅིག་པུ་དེ་ཡིན་ན། རུའུ་ཆེང་གི་ལངས་ཕྱོགས་ལ་མི་མང་གི་རྒྱབ་སྐྱོར་ཐོབ་རྒྱུའི་དཔང་རྟགས་ཁུངས་བཙན་དང་རྒྱབ་ལྗོངས་གསལ་པོ་འདང་ངེས་ཤིག་ཡོད་པ་ཁག་པོ་རེད།

གང་ལྟར་མཐར་མཇུག་ཏུ་ང་ཚོས་ཅིན་རྨོང་རོང་ལ་མཚན་མོ་རྟག་པར་ཕོ་གསར་པ་ཞིག་དགོས་ཀྱི་ཡོད་པའི་སྐོར་གསར་དུ་ཤེས་རྟོགས་བྱུང་ཡོད། དེ་ཡང་ཁོ་མོས་མཚན་གྱི་ཚོུད་༡༢རྗེས་སུ་གྲྭ་བ་ཞིག་གམ་ཡང་ན་གསར་ཞུགས་སློབ་མ་ཞིག་འབོད་འགུགས་ཀྱིས་ཁོ་ཚོར་གསང་སྔགས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་ཡིན་ཚུལ་སོགས་ཁོ་ཚོར་སྐུལ་སློང་བྱེད་རྒྱུའི་ཐབས་ལམ་སྣ་ཚོགས་ཤིག་ཡོད་པ་རེད། ད་དུང་སྐྱེ་བ་སྔོན་མར་ང་ཚོ་གཉིས་ཇི་འདྲ་བརྩེ་གདུང་ཆེན་པོ་དང་ལྡན་པའི་བཟའ་ཚང་ཞིག་ཡིན་ཚུལ་དང་། ཡང་ཁོ་རང་སྐྱེ་བ་སྔོན་མ་རྒྱལ་པོ་ཞིག་དང་ཁོ་མོ་དེའི་རྒྱལ་མོ་ཡིན་ཚུལ། ཡང་ཁྱེད་རང་གི་ནད་གཞི་དྲག་སྐྱེད་ཡོང་བར་ཁོ་མོར་ཐུན་མོང་མིན་པའི་གསང་སྔགས་ཀྱི་བཅོས་ཐབས་ཡོད་ཚུལ་སོགས་བཤད་པ་བཅས་རེད། དེ་དག་ཚོགས་གཉིས་ཆོས་ཚོགས་ནས་ཕྱི་རུ་ཐོན་ཟིན་པའི་གྲྭ་བ་དང་སློབ་ཟུར་ཚོས་བདེན་དཔང་བྱ་ཐུབ་པ་ཞིག་རེད།

ཡང་གནད་དོན་གཞན་ཞིག་ཡོད་པ་དེ་ནི་རྒྱ་ནག་གཞུང་དང་ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པ་ཅིན་རྨོང་རོང་གི་རྒྱབ་ཏུ་ཡོད་པ་གསལ་པོ་རེད། ཁོ་མོས་༼ ལམ་རིམ་མཆན་བཞི་ ༽འཆད་ཁྲིད་དེ་ཧར་ཝ་རིན་པོ་ཆེ་ནས་གསན་པ་དང་རིན་པོ་ཆེ་ཁོང་དང་པཎ་ཆེན་སྐུ་གོང་མ་དང་ཐུགས་འབྲེལ་ཆེན་པོ་ཡོད་ཅིང་། རིན་པོ་ཆེ་ཁོང་ད་ལྟའི་རྒྱ་གཞུང་གི་པཎ་ཆེན་དང་འབྲེལ་བ་ཡོད། པཎ་ཆེན་རྫུན་མ་ནི་རྒྱ་གཞུང་གིས་བདག་ཏུ་བཟུང་ཞོར་ཚོགས་གཉིས་ཆོས་ཚོགས་ཀྱང་དབང་སྒྱུར་བྱེད་རྒྱུར་དམིགས་ནས་བསྡད་ཡོད་པ་དང་། ཆོས་ཚོགས་དེ་ནས་༸གོང་ས་མཆོག་གི་ཆོས་འབྲེལ་རྒྱུད་པ་གཏོར་བཤིག་གཏོང་རྒྱུ་དང་། ཚབ་ཏུ་རྒྱའི་པཎ་ཆེན་འཇོག་ཐབས་བྱེད་བཞིན་ཡོད། དུས་མཚུངས་སུ་ཐེ་ཝན་གྱི་དངུལ་འཇིབ་འཐེན་བྱེད་བཞིན་པ་རེད། སློབ་དཔོན་བསྟན་འཛིན་བྱམས་ཆེན་འདས་གྲོངས་སུ་ཕྱིན་པ་ནས་ད་བར་རོབ་རྩིས་རྒྱབ་ན་ཐེ་སྒོར་དུང་ཕྱུར་བརྒྱད་ཡས་ཡས་རྔབ་འཐེན་ཟིན་པ་རེད། ཡང་སློབ་དཔོན་སིང་ཡུན་(星雲大師)༼ ཟུར་བཤད། སློབ་དཔོན་སིང་ཡུན་ནི་ཐེ་ཝན་དུ་ནང་པའི་དབུ་ཁྲིད་ཁག་ལས་མཚན་སྙན་ཆེན་པོ་ཡོད་པའི་བླ་ཆེན་ཞིག་ཡིན་ལ། ཁོང་ནི་ཐེ་ཝན་ཀའོ་ཤུང་དུ་ཡོད་པའི་གྷུང་ཤྰན་དགོན་པ་ཕྱག་འདེབས་པ་པོའང་ཡིན། ༽ཞུ་བས་ཅིན་རྨོང་རོང་ཐོག་མར་ཐེ་ཝན་དུ་འབྱོར་སྐབས་ཕེབས་བསུ་ཟབ་རྒྱས་ངང་གདན་ཞུ་བྱས་ཡོད། དེ་འདྲ་བྱ་དགོས་པའི་རྒྱུ་མཚན་ནི་ཁོང་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་མི་ཞིག་ཁོ་ཚོའི་ཚབ་བྱས་ཏེ་འཐུག་འཕྲད་དུ་ཡོང་རྒྱུ་ཡིན་ལུགས་བྱས་འདུག དེར་བརྟེན་མོར་རྒྱབ་སྐྱོར་སྟོན་ཆེད་དུ་ཁོང་གིས་དེ་ལྟར་བྱས་པ་ཞིག་རེད། ང་ཚོས་དེ་ཁུངས་སྐྱེལ་བྱས་ཐུབ་ཡོད། དེ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་མིན་པར་བརྟེན་ཁོང་གི་རྗེས་འཇུག་པ་ཚོས་མ་དགའ་མ་སྐྱིད་པ་གང་མཚམས་བྱེད་ཀྱི་འདུག།

1-2-2
ཅིན་རྨོང་རོང་ཐེ་ཝན་དུ་ཐོག་མར་ཡོང་སྐབས་བླ་ཆེན་སིང་ཡུན་དང་འཐུག་འཕྲད་བྱས་པའི་འདྲ་པར།

ཐུགས་སྣང་། མ་ཡིག་དབྱིན་ཡིག་ཏུ་ཡོད་པ་བོད་ཡིག་ཐོག་ཕབ་བསྒྱུར་ཞུས་པས་ནང་དོན་སོགས་ལ་འགལ་འཛོལ་རིགས་གཟིགས་ཚེ་མ་ཡིག་ལ་གཞིར་བཅོལ་རོགས་ཞུ།

Related articles:

About Bliss & Wisdom

A devoted disciple of the Dalai Lama, Taiwanese monk Master Jih-Chang founded Bliss and Wisdom in 1991 to promote Tibetan Buddhism in Taiwan. After he passed away in 2004, a lady linked to the Chinese government, Mary Jin, has been installed as BW’s guru. BW now has over a thousand monks and nuns, as well as 100,000 followers worldwide, mainly in Taiwan, Mainland China and the overseas Chinese diaspora. In Taiwan, BW is the largest Tibetan Buddhist organization and has the largest bhikshu sangha.

關於福智團體

日常師父是依止達賴喇嘛尊者的台灣比丘,於1991年在台灣成立福智團體,旨在宣揚藏傳佛教。他於2004年示寂後,一名與中共有聯繫的金夢蓉女士自稱上師,成爲福智的領導人。至今,福智僧團(含比丘、比丘尼)人數超過一千,各國信眾達十萬人之多,以台灣、中國大陸與外地華僑為主。目前,福智團體在台灣是最大的藏傳佛教團體,所屬的比丘僧團在台灣也是最大的。

Advertisements

3 thoughts on “རྒྱ་མི་འཆལ་མོ་ཞིག་གིས་སླུད་བྲིད་འོག་ཐེ་ཝན་ཚོགས་གཉིས་ཆོས་ཚོགས་བེད་སྤྱོད་ལོག་པར་བཏང་སྟེ་༸གོང་ས་མཆོག་གི་མཚན་སྙན་ལ་གནོད་སྐྱོན་ཡོང་ཐབས།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s